ས་སྐྱ་ལེགས་བཤད།
སློབ་ཚན་ས་སྐྱ་ལེགས་བཤད།
རབ་བྱེད་གཉིས་པ་ཡ་རབས་བརྟག་པ།
སློབ་ཐུན་གཉིས་ཀྱི་འཆར་འགོད་ཟིན་བྲིས།
སློབ་ཐུན་རེར་སྐར་མ་ ༤༥
ཐོག་མར་བསྟན་བཅོས་ཀྱི་མཚན་དང་མཛད་་པ་པོ་ངོ་སྤྲོད་མདོར་བསྡུས།
མཚན།
༡ མཚན་རྒྱས་པ། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས།
མཛད་པ་པོས་ཐོག་མ་ནས་བཏགས་པའི་མཚན་དངོས།
༢ མཚན་བསྡུས་པ། ས་སྐྱ་ལེགས་བཤད། མཛད་པ་པོའི་མཚན་ལས་དྲངས་ཏེ་བཏགས་པའི་མཚན་གཞན་ནོ།
།
མཛད་པ་པོ།
ས་པཎ་ཀུན་དགའ་རྒྱལ་མཚན།
རྣམ་ཐར་མདོར་བསྡུས།
ཡབ་འཁོན་དཔལ་ཆེན་འོད་པོ་ཆེ། ཡུམ་གར་ཕུར་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༡༨༡ལོར་སྐུ་འཁྲུངས།
བཅུ་ཕྲག་རིག་པའི་གནས་ལ་མཁས་པའི་པཎྜི་ཏའི་མཚན་སྙན་དང་པོ་ཐོབ། ཕྱི་ལོ་༡༢༥༢ལོར་ལང་ཇུ་གྲོང་ཁྱེར་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་གཤེགས།
ས་པཎ་གྱི་བརྩམས་ཆོས།
ཆོས་དང་ཆོས་མིན་རྣམ་འབྱེད་སྡོམ་གསུམ་རབ་དབྱེ། རིགས་དང་མི་རིགས་རྣམ་འབྱེད་ཚད་མ་རིག་གཏེར།
འཇིག་རྟེན་ཚུལ་དང་ཚུལ་མིན་གསལ་བྱེད་ལེགས་པར་བཤད་པའི་རིན་པོ་ཆེའི་གཏེར་སོགས་མང་ངོ་།
།
བསྟན་བཅོས་དངོས་གཞི་ལ། ལུས། གཞུང་ཚད། ཁྱད་ཆོས།
ལུས།
སྤྱིར་ལུས་ལ་ལུས་གཞུང་གི་དབྱེ་བ་གསུམསྟེ་ཚིགས་བཅད་ཚིག་ལྷུག་སྤེལ་མ་དང་གསུམ།
སྐད་རིགས་ཀྱི་སྒོ་ནས་དབྱེ་ན་བཞི་ཡོད་པ་ལས། བསྟན་བཅོས་འདིའི་ལུས་ནི། ཚིགས་སུ་བཅད་པའོ།།
གཞུང་ཚད།
ལེའུའམ་རབ་བྱེད་དགུ། ཚིགས་བཅད་༤༦༤༽
བསྟན་བཅོས་འདིའི་ཁྱད་ཆོས།
བརྗོད་བྱ་དང་རྗོད་བྱེད་གཉིས་ལས།
༡ བརྗོད་བྱ་ནི། འཇིག་རྟེན་མི་ཆོས་ལས་བརྩམས་པའི་ལེགས་ཉེས་བླང་དོར་གྱི་སྐོར།
༢ རྗོད་བྱེད་ལ། རྩོམ་རྒྱ་ནི།
ཚེག་བར་བདུན་རེ་རྐང་པ་རེ། རྐང་པ་བཞི་རེ་ཚིགས་བཅད་རེ། ཚིགས་བཅད་རེས་དོན་རེ་རྫོགས་པར་སྟོན་པས་ན་གྲོལ་བའི་ཁོངས་སུ་གཏོགས།
ཚིག་རྒྱན་ནི། རང་བཞིན་བརྗོད་པའི་རྒྱན།
དཔེ་རྒྱན་ལས་གཙོ་བོ་ཟླ་བོ་དངོས་པོའི་དཔེ། ཆོས་དཔེ་སོགས་སོ།།
བསྟན་བཅོས་འདི་གང་ལས་བྱུང་བའི་ཁུངས།
ལུགས་ཀྱི་བསྟན་བཅོས་བདུན།
སྡེ་དགེའི་བསྟན་འགྱུར་པོད་ངོ་པར་བཞུགས་པའི་ལུགས་ཀྱི་བསྟན་བཅོས་བདུན།
༡ ལུགས་ཀྱི་བསྟན་བཅོས་ཤེས་རབ་བརྒྱ་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད། རྒྱ་གར་གྱི་སློབ་དཔོན་སརྦ་ཛྙཱ་དེ་བ་དང་ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར།
༢ ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད། རྒྱ་གར་གྱི་སློབ་དཔོན་ཤཱི་ལེནྡྲ་བོ་དྷི་དང་དང་ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར།
༣ དམངས་ལ་གདམས་པ་ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ།
སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད། རྒྱ་གར་གྱི་སློབ་དཔོན་ཤཱི་ལེནྡྲ་བོ་དྷི་དང་དང་ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར།
༤ ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པའི་མཛོད། སློབ་དཔོན་ཉི་མ་སྦས་པས་མཛད། ཟ་ཧོར་གྱི་མཁན་པོ་ཛྙཱ་ན་ཤནྟི་དང་བོད་ཀྱི་ལོ་ཙཱ་བ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར།
༥ ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས། ཙ་ན་ཀས་མཛད། རྒྱ་གར་གྱི་སློབ་དཔོན་པྲ་བྷཱ་ཀ་ར་ཤྲཱི་མི་ཏྲ་དང་ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར།
༦ མ་སུ་རཀྵའི་ལུགས་ཀྱི་བསྟན་བཅོས། མ་སུ་རཀྵས་མཛད། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར།
༧ ཚིགས་སུ་བཅད་པ་བརྒྱ་པ།
སློབ་དཔོན་མཆོག་སྲེད་ཀྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་ཙནྡྲ་དང་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར།
སློབ་ཐུན་གཉིས་ཀྱི་འཆར་འགོད་ཟིན་བྲིས།
སློབ་ཐུན་རེར་སྐར་མ་ ༤༥
བསྟན་བཅོས་འདིའི་འཕྲིན་ལས་ཇི་ལྟར་རྒྱས་པ།
བསྟན་བཅོས་འདི་དང་ཆ་འདྲ་བར་བརྩམས་པའི་བསྟན་བཅོས།
༡ བོ་དོང་ལེགས་བཤད། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ༼༡༣༧༥ནས༡༤༥༡༽གྱིས་མཛད།བོ་དོང་པཎ་ཆེན་ནི་སྤྱི་ལོ1375ལོར་ཡབ་སྟོན་པ་ཆོས་དབྱིངས་རྒྱལ་མཚན་དང་ཡུམ་བྱང་ཆུབ་སྒྲོན་གཉིས་ཀྱི་སྲས་སུ་ལོར་གཙང་ལ་སྟོད་དུ་འཁྲུངས་ཤིང་།
དགོང་བདུན་ཅུ་དོན་བདུན་ཐོག་སྤྱི་ལོ1451ལོར་སྐུ་གཤེགས།ཁོའི་སྐུ་ཚེ་གང་བོ་ནི་འཆད་རྩོད་རྩོམ་གྱི་བྱ་བ་དང་།
ལྷག་པར་དུ་རྩོམ་གྱི་བྱ་བས་མཐར་ཕྱིན་འདུག་ལ།
ད་ལྟ་དངོས་སུ་ཕྱོགས་བསྡུས་ཟིན་པའི་བོ་དོང་གསུང་འབུམ་ལ་པོད་བརྒྱ་དང་སུམ་ཅུ་སོ་བདུན་བཞུགས་པས་བརྩམས་ཆོས་ཆེས་མང་བའི་རྩོམ་པ་པོ་ཞེས་གྲགས།
༢ དགེ་ལྡན་ལེགས་བཤད།པཎ་ཆེན་བསོད་ནམས་གྲགས་༼༡༤༧༨ནས༡༥༥༤༽པས་མཛད། དགེ་ལྡན་ལེགས་བཤད་ཀྱི་རྩོམ་པ་པོ་ནི་པཎ་ཆེན་བསོད་ནམས་གྲགས་པ ༡༤༧༨-༡༥༥༤ སྟེ། ཁོང་ནི་བོད་དབུས་གཙང་ལྷོ་ཁ་རྩེད་ཐང་དུ་སྐུ་འཁྲུངས། དགུང་ལོ་སོ་བཞི་པར་རྒྱུད་སྟོད་གྲྭ་ཚང་གི་སློབ་དཔོན་གྱི་ཁྲིར་ཕེབས་ནས་ལོ་བཅུ་བཞིའི་རིང་རྒྱུད་ཀྱི་འཆད་ཁྲིད་གནང་།
དགུང་ལོ་ཞེ་བརྒྱད་པར། ༸རྒྱལ་དབང་དགེ་འདུན་རྒྱ་མཚོའི་བཀའ་ལྟར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་པོ་ལོ་ལྔར་མཛད།དགུང་ལོ་ང་གཉིས་པ་སྟེ།
སྤྱི་ལོ ༡༥༢༩ ལོར།དགའ་ལྡན་གྱི་ཁྲི་ཐོག་བཅོ་ལྔ་པར་ཕེབས་ཏེ།
ལོ་བདུན་ལ་མདོ་སྔགས་ཀྱི་འཆད་ཁྲིད་བསྐྱངས།
དགུང་ལོ་རེ་དྲུག་པར་རེ་ཞུས་བཞིན་ལོ་ངོ་བཞིའི་རིང་ལ་འབྲས་སྤུངས་སྤྱི་མཁན་མཛད།
སྐབས་དེར། ༸རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་དགེ་བསྙེན་གྱི་སློབ་དཔོན་ཡང་མཛད།དགུང་ལོ་རེ་དགུ་པ་ནས་དགུང་ལོ་དོན་བདུན་བར་སེ་རའི་མཁན་པོ་མཛད། རྗེ་འདི་པར་གསུང་རྩོམ་པོད་དྲུག་ཡོད་ཅིང་།
དེའི་ཁྲོད་དུ་རྒྱུད་སྡེ་སྤྱིའི་རྣམ་བཤད་སོགས་མདོ་སྔགས་ཀྱི་གཞུང་ལས་བརྩམས་པའི་བསྟན་བཅོས་མང་པོ་དང་། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དང་། དེབ་ཐེར་དམར་པོ་གསར་མ།
བསྟན་རྩིས་རིན་ཆེན་ཕྲེང་བ། དགེ་ལྡན་ལེགས་བཤད།
སོགས་ལོ་རྒྱུས་དང་། བསྟན་རྩིས། རྩོམ་རིག་ལ་སོགས་པའི་སྐོར་གྱི་བསྟན་བཅོས་ཀྱང་དུ་མ་ཞིག་ཡོད།
༣ མིའི་ཆོས་ལུགས་ཀྱི་བསྟན་བཅོས་མེ་ཏོག་ཕྲེང་མཛེས།
སུམ་པ་ཡེ་ཤེས་དཔལ་འབྱོར ༼༡༧༠༤ནས༡༧༨༨༽ གྱིས་མཛད། སུམ་པ་ཡེ་ཤེས་དཔལ་འབྱོར་ནི་མཚོ་སྔོན་པོའི་ལྷོ་ནུབ་རྨ་ཆུའི་འགྲམ་སྔར་ཨོ་རོད་སོག་པོ་གཡས་རུས་ཐོག་མར་དབང་བསྒྱུར་བའི་ཡུལ་ཐོ་ལི་ཞེས་པར་རྗེའུ་དཔོན་གྱི་རིགས་སུ་བྱོན་པའི་ཡབ་རྡོ་རྗེ་བཀྲ་ཤིས་དང་།
ཡུམ་ཇུའུན་གྷར་པ་བཀྲ་ཤིས་མཚོ་གཉིས་ལ་སྲས་ལྕམ་སྲིང་བདུན་འཁྲུངས་པའི་བཞི་པ་སྟེ་རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་ཕྱི་ལོ་༡༧༠༤ལོའི་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔའི་སྔ་དྲོ་ཉི་ཤར་གྱི་དུས་སུ་སྐུ་བལྟམས།
ས་སྤྲེལ་ཕྱི་ལོ་༡༧༨༨ལོའི་ཟླ་དང་པོའི་ཚེས་ཉེར་དྲུག་སྔ་མོར་སྐུའི་བཀོད་པ་བསྡུས།
༤ རྒྱལ་པོ་དང་དམངས་ལ་སྤྲིངས་པའི་གཏམ་རབ་ཏུ་བྱེད་པ་འཇིག་རྟེན་གསོ་བའི་སྨན་ཞེས་བྱ་བ་དང་དམངས་ལ་སྤྲིངས་པའི་གཏམ་དཔེ་དོན་འབྲེལ་བ་ཞེས་བྱ་བ།
ཀུན་མཁྱེན་འཇིགས་མེད་གླིང་པས༼༡༧༢༩ནས༡༧༩༨༽མཛད།
༥ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱ་ལྡན་ཞེས་བྱ་བ་དང་། ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལུགས་གཉིས་ཡལ་འདབ་བརྒྱ་ལྡན།
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་༼༡༧༦༢ནས༡༨༢༣༽མཛད།
༦ ལུགས་ཟུང་བ་དན་གཡོ་བའི་ལེགས་བཤད་རླུང་གི་བསྟན་བཅོས་ཞེས་བྱ་བ་དང་། འཇིག་རྟེན་མི་ཆོས་དང་འབྲེལ་བའི་བསླབ་བྱ་གསལ་བར་སྟོན་པའི་ལེགས་བཤད་ཟླ་བའི་བསྟན་བཅོས།
དཀྱིལ་ཟུར་བློ་བཟང་སྦྱིན་པས་༼༡༨༢༡འཁྲུངས༽མཛད། དཀྱིལ་ཟུར་བློ་བཟང་སྦྱིན་པ་ནི་འཁྲུངས་ཡུལ་གཙང་སྟོད་ཐང་སྦེ་ཞེས་པའི་ཡུལ་དུ། ཡབ་ཚོང་དཔོན་པ་སངས་དང་། ཡུམ་ཆུང་སྐྱེས་གཉིས་ལས་རབ་བྱུང་བཅུ་བཞི་པའི་ལྕགས་མོ་སྦྲུལ་གྱི་ལོ(༡༨༢༡)ལ་སྐུ་བལྟམས།
༧ རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ཞེས་བྱ་བ་དང་།
ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་༼༡༨༤༦ནས༡༩༡༢༽ མཛད།
༨ དམ་པའི་ཆོས་ལུགས་ཀྱི་མེའི་བསྟན་བཅོས་ཐར་ལམ་གསལ་བའི་སྒྲོན་མེ་ཞེས་བྱ་བ་དང་། དམ་པ་ཆོས་ལུགས་ཀྱི་ལྕགས་ཀྱི་བསྟན་བཅོས་ལེགས་བཤད་དགོས་འདོད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་དང་།
དམ་པ་ཆོས་ལུགས་ཀྱི་རིན་པོ་ཆེའི་བསྟན་བཅོས་ལེགས་བཤད་དབང་གི་རྒྱལ་པོ།
ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་ཀྱིས་༼༡༨༨༢ནས༡༩༥༤༽མཛད།
གཡེར་གཤོང་མཁན་ཆེན་ནོ་མོན་ཧན་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོའམ་ཡོངས་གྲགས་ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་རིན་པོ་ཆེ་མཆོག་ནི།
རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་རྒྱན་ཆོས་སྡེ་ཆེན་པོ་རོང་པོ་དཔལ་གྱི་དགོན་ཆེན་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་ནུབ་བྱང་མཚམས་ཀྱི་འབྲོག་སྡེ་ཆེན་པོ་བློན་ཆོས་སུ་རུག་ཞེས་པར།
ཡབ་བསོད་ནམས་རྒྱལ་དང་ཡུམ་བཀྲ་ཤིས་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་རྟ་ཕྱི་ལོ་
༡༨༨༢ ལོར་སྐུ་བལྟམས་ཤིང༌། བོད་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ཕྱི་ལོ་ ༡༩༤༦
ལོར་རྒྱང་རྩེ་རུ་དགོངས་པ་རྫོགས། དེ་དུས་དགུང་གྲངས་དོན་གསུམ་ཡིན།
༩ ལེགས་པར་བཤད་པ་སའི་བསྟན་བཅོས་ལུགས་གཉིས་འོད་བརྒྱ་འབར་བའི་དབྱིག་གི་འཕྲེང་བ་ཞེས་བྱ་བ་དང་།
ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་བླང་དོར་ཀུན་གསལ།
པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་༼༡༨༨༣ནས༡༩༣༧༽མཛད།
༡༠ ལུགས་ཀྱི་བསྟན་བཅོས་དཔག་བསམ་ལྗོན་པ།
ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས༼༡༨༨༨ནས༡༩༣༥༽ཀྱིས་མཛད།
བསྟན་བཅོས་འདིའི་འགྲེལ་བ།
བཙུན་པ་རིན་ཆེན་དཔལ་གྱིས་མཛད་པའི་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་གྱི་འགྲེལ་བ།
བསོད་ནམས་མིང་ཅན་གྱིས་མཛད་པའི་ལེགས་བཤད་རིན་གཏེར་གྱི་རྣམ་བཤད་དགོས་འདོད་ཀུན་འབྱུང་།
ཨ་ཀྱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི་ས་སྐྱ་ལེགས་བཤད་ཀྱི་བརྡ་དོན་འགའ་ཞིག་བཀྲོལ་བ།
བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་གསར་བུའི་དགའ་སྟོན།
མཁན་པོ་སངས་རྒྱས་བསྟན་འཛིན་གྱིས་མཛད་པའི་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་གྱི་དོན་འགྲེལ་བློ་གསལ་བུང་བའི་བསྟི་གནས།
སྐབས་བབ་སློབ་ཚན་ནང་ཡོད་པའི་ས་ལེགས་འགྲེལ་བའོ།།
ཡུལ་གྲུ་གཞན་དུ་འཕྲིན་ལས་ཇི་ལྟར་རྒྱས་པ།
བསྟན་བཅོས་འདིའི་འགྱུར། ༼སོག་པོ། རྒྱ། ཉི་ཧོང་།
དབྱིན་ཇི།སོགས་ཀྱི་སྐད་ཡིག་ཏུ་བསྒྱུར་ཡོད།༽
སློབ་ཐུན་གཉིས་ཀྱི་འཆར་འགོད་ཟིན་བྲིས།
རབ་བྱེད་གཉིས་པ་ཡ་རབས་བརྟགས་པ།
རབ་བྱེད་གཉིས་པ་ཡ་རབས་བརྟགས་པ།
རྟག་ཏུ་དམ་པའི་ཡོན་ཏན་རྣམས། །སྐྱེ་བོ་དམ་པས་ལྷག་པར་སྒྲོགས།
མ་ལ་ཡ་ཡི་ཙནྡན་དྲི། །རླུང་གིས་ཕྱོགས་བཅུར་རྒྱས་པར་བྱེད། །
མཆན།
ལྕགས་སྒྲོག་དང་མ་ནོར་བའི་ཆེད་དུ་སྐུལ་ཚིག་འབྲི་བའང་ཡོད།
མ་ལ་ཡ་ནི་དྲི་ལྡན་ཏེ་མིང་གི་རྣམ་གྲངས་ལ། ལྷོ་ཕྱོགས་ས་འཛིན། ཨཱ་ཥཱ་དྷ། ཙནྡན་རི་བོ་རྣམས་སོ། །
དཔེ་དང་དཔེ་ཅན།
མ་ལ་ཡའི་ཙནྡན་གྱི་དྲི་ཞིམ་དེ་དམ་པའི་ཡོན་ཏན་ལ་སྦྱར། དེ་ཁྱབ་པར་བྱེད་པོ་རླུང་དེ་སྐྱེ་བོ་དམ་པའི་དཔེར་སྦྱར་བར་བྱས་སོ།
།
ཚིག་འགྲེལ།
ཡ་རབས་བཟང་པོའི་སྤྱོད་པའམ་དམ་པའི་ཡོན་ཏན་རྣམས་རང་ཉིད་ཀྱིས་ཆེད་དུ་བསྒྲགས་མི་དགོས་པར་རྟག་ཏུ་བློ་གཟུ་བོར་གནས་པའི་སྐྱེ་བོ་དམ་པ་རྣམས་ཀྱིས་ལྷག་པར་སྒྲོག་པར་བྱེད་དེ། དཔེར་ན་ལྷོ་ཕྱོགས་མ་ལ་ཡ་ཡི་ཙནྡན་གྱི་དྲི་དེ་ཉིད་ཆེད་དུ་བསྒྲགས་མི་དགོས་པར་རླུང་གིས་ཕྱོགས་བཅུར་རྒྱས་པར་བྱེད་པ་བཞིན་ནོ། །
བསྟན་དོན།
འདིས་རང་ཉིད་དམ་པའི་ཡོན་ཏན་དང་ལྡན་ན་ཡོན་ཏན་ཡོད་ཅེས་ཆེད་དུ་བསྒྲགས་མི་དགོས་པར་རང་བཞིན་གྱིས་གྲགས་པའི་ཁྱད་པར་བསྟན་ཏོ། །
ཡང་ན་དམ་པའི་ཡོན་ཏན་དང་ལྡན་པའི་ཐབས་ལ་འབད་དགོས་པར་བསྟན་ཏོ། །
དམ་པ་དཔོན་དུ་བསྐོས་གྱུར་ན། །དོན་གྲུབ་པ་དང་བདེ་སྐྱིད་འཐོབ། །
ནོར་བུ་རྒྱལ་མཚན་རྩེར་མཆོད་ན། །ཡུལ་ཕྱོགས་དགེ་ཞེས་མཁས་རྣམས་སྒྲོགས། །
མཆན། དམ་པ་ནི། བཀུར་བར་འོས་པའི་སྐྱེ་བོ།
མཁས་བཙུན་བཟང་གསུམ་འཛོམས་པའི་གང་ཟག
དཔེ་དང་དཔེ་ཅན།
སྐྱེ་བོ་དམ་པ་དཔེ་ཅན་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེའི་དཔེར་སྦྱར་བ་ཡིན་ནོ།
།
ཚིག་འགྲེལ།
སྐྱེ་བོ་དམ་པ་ཞིག་ཡུལ་གྱི་དཔོན་དུ་བསྐོས་པར་གྱུར་ན་ཡུལ་དེར་བཀྲ་ཤིས་པ་དང་བདེ་སྐྱིད་ཕུན་སུམ་ཚོགས་པར་འཐོབ་པ་ཡིན་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོར་བཀོད་དེ་མཆོད་ན་ནོར་བུའི་མཐུ་ལས་ཡུལ་ཕྱོགས་དེར་དགེ་བ་དང་ཕུན་སུམ་ཚོགས་པར་ཡོང་ཞེས་མཁས་པ་རྣམས་ཀྱིས་དཔྱད་པ་གསུམ་གྱིས་དག་པའི་བདེན་ཚིག་དེ་ལྟར་སྒྲོག་པར་བྱེད་དོ། །
བསྟན་དོན།
འདིས་ཡུལ་སྡེ་སྐྱོང་བའི་དཔོན་པོ་ཞིག་ཡིན་ན་མི་མང་ལ་ལྷག་བསམ་དག་ཅིང་ཡ་རབས་ཕུལ་བྱུང་གི་སྤྱོད་པ་བཟང་པོ་དང་ལྡན་པ་ཞིག་དགོས་པར་བསྟན་ཏོ། །
ཡན་ན་དམ་པའི་ཡོན་ཏན་དང་ལྡན་པའི་སྐྱེ་བོ་ཞིག་དཔོན་དུ་བསྐོས་ན་རང་གཞན་གཉིས་ཀའི་འདོད་དོན་འགྲུབ་པའི་ཁྱད་པར་བསྟན་ཏོ། །
སློབ་ཐུན་གཉིས་ཀྱི་འཆར་འགོད་ཟིན་བྲིས།
རྒྱལ་ངན་གཞན་གྱིས་གཙེས་པ་ན། །ལྷག་པར་ཆོས་རྒྱལ་དྲན་པར་འགྱུར།
།
རིམས་གྱིས་བཏབ་པའི་སེམས་ཅན། །གངས་ཆུ་འབའ་ཞིག་ཡིད་ལ་བྱེད། །
མཆན། གཙེས་པ་ནི། གནོད་པའམ་སུན་པར་བྱེད་པའི་དོན་ཏེ་དཔེར་ན།
ཚིག་རྩུབ་ཀྱིས་མི་སེམས་གཙེ་ཟེར་བ་ལྟ་བུ། རིམས་ནི། འགོ་ནད་ཅིག་སྟེ་དཔེར་ན་ཆམ་རིམས་ཚད་རིམས་ཟེར་བ་ལྟ་བུ།
དཔེ་དང་དཔེ་ཅན།
རྒྱལ་པོ་ངན་པ་དེ་ཉིད་དཔེ་ཅན་དང་རིམས་ནད་དེའི་དཔེར་སྦྱར་བ་དང་། ཆོས་ཀྱི་རྒྱལ་པོ་དཔེ་ཅན་དང་གངས་ཆུ་དེའི་དཔེར་བཀོད་པ་ཡིན་ནོ།
།
ཚིག་འགྲེལ།
སྙིང་རྗེ་མེད་པའི་རྒྱལ་ངན་གཞན་གྱིས་གདུག་རྩུབ་གཉའ་གནོན་དྲག་པོས་གཙེས་པ་དེའི་ཚེ་ན། ལྷག་པར་དུ་རང་གི་ཆོས་ཀྱི་རྒྱལ་པོ་དེ་ཉིད་དྲན་པར་འགྱུར་ཏེ། དཔེར་ན་རིམས་ནད་ཀྱིས་བཏབ་པའི་སེམས་ཅན་རྣམས་སྐམ་ཚད་དྲག་པོས་མནར་ཏེ་ཤིན་ཏུ་བསིལ་བའི་གངས་ཆུ་འབའ་ཞིག་ཡིད་ལ་བྱེད་ཅིང་དེ་ཉིད་མྱུར་དུ་འཐོབ་པའི་རེ་བ་བྱེད་པ་བཞིན་ནོ། །
བསྟན་དོན། འདིས་ཆོས་རྒྱལ་དང་འཕྲད་དུས་བཀའ་གསུང་ཅི་སྒྲུབ་ཞུ་བ་ལའབད་དགོས་པར་བསྟན་ཏོ།
།
སྡིག་སྤྱོད་རྒྱལ་པོས་གཙེས་པ་ན། །མི་དབང་ཆོས་སྤྱོད་ལྷག་པར་སྐྱོང། །
འབྱུང་པོའི་གདོན་གྱིས་བཏབ་པ་ལ། །གསང་སྔགས་གྲུབ་པས་རྗེས་སུ་འཛིན། །
མཆན། སྐྱོངས། སློབ་ཚན་ནང་སྐུལ་ཚིག་བྲིས་ཡོད་ཀྱང་རྒྱུ་མཚན་མ་མཐོང་། འབྱུང་པོའི་གདོན་ནི། གཟུགས་ཅན་གྱི་ལྷ་འདྲེ་དང་གཟུགས་མེད་ཀྱི་གདོན་བགེགས་ལ་ཟེར།
དཔེ་དང་དཔེ་ཅན། སྡིག་སྤྱོད་ཀྱི་རྒྱལ་པོ་དཔེ་ཅན་དང་འབྱུང་པོའི་གདོན་དེའི་དཔེ་ལ་སྦྱར།
མི་དབང་ཆོས་ཀྱི་རྒྱལ་པོ་དཔེ་ཅན་དང་གསང་སྔགས་གྲུབ་པ་དེའེ་དཔེ་ལ་སྦྱར་བར་བྱས་སོ། །
ཚིག་འགྲེལ།
ལས་ནག་པོ་འབའ་ཞིག་ལ་མངའ་བརྙེས་པའི་སྡིག་སྤྱོད་ཀྱི་རྒྱལ་པོས་ཡ་ང་སྙིང་རྗེ་མེད་པར་གནོད་ཅིང་གཙེས་པའི་སེམས་ཅན་རྣམས་ལ་མི་དབང་ཆོས་རྒྱལ་དག་གིས་ལྷག་པར་སྐྱོང་བར་མཛད་དེ། དཔེར་ན་འབྱུང་པོའི་གདོན་གྱིས་བཏབ་སྟེ་གཞན་གང་གིས་ཀྱང་མི་ཕན་པ་དག་ལ་གསང་སྔགས་ཀྱི་གྲུབ་པའི་གོ་འཕང་ཐོབ་པ་དག་གིས་བསྐྱབས་པ་བཞིན་ནོ། །
བསྟན་དོན། འདིས་རྒྱལ་ངན་གྱིས་འབངས་མི་སེར་ལ་གནོད་ཅིང་གཙེས་པ་ན་ཆོས་རྒྱལ་རྣམས་ཀྱིས་ལྷག་པར་དུ་སྐྱེ་འགྲོ་ལས་དམན་རྣམས་ཆོས་བཞིན་སྐྱོང་བའི་ཁྱད་པར་བསྟན་ཏོ།
།
སྐྱེ་བོ་དམ་པ་རྒུད་གྱུར་ཀྱང་། །སྤྱོད་པའི་ཁྱད་པར་ལྷག་པར་མཛེས། །
སློབ་ཐུན་གཉིས་ཀྱི་འཆར་འགོད་ཟིན་བྲིས།
སློབ་ཐུན་གཉིས་ཀྱི་འཆར་འགོད་ཟིན་བྲིས།
ཕྱི་རྗེ་རིང་དུ་ལྟ་བ་དང་། །བག་ཡོད་པ་ལ་བཟོད་སྲན་ཆེ། །
སློབ་ཐུན་གཉིས་ཀྱི་འཆར་འགོད་ཟིན་བྲིས།
དམ་པ་སྡིག་པ་ཆུང་ཡང་སྤོང་། །དམན་རྣམས་ཆེན་པོའང་དེ་ལྟར་མིན། །
ཞོ་ལ་རྡུལ་ཕྲན་འབྱར་བར་སེལ། །ཆང་ལ་ཕབས་ཀྱང་ལྷག་པར་འདེབས། །
མཆན། ཕབ་འབྲི་བའང་ཡོད།
དཔེ་དང་དཔེ་ཅན།
ཞོ་སྐྱེ་བོ་དམ་པའི་རང་བཞིན་དང་ཆང་སྐྱེ་བོ་དམན་པའི་རང་བཞིན་གྱི་དཔེར་བཀོད་ཡོད་དོ།
།
ཚིག་འགྲེལ།
སྐྱེ་བོ་དམ་པ་རྣམས་ཀྱིས་སྡིག་པ་ཆེན་པོ་ལྟ་ཅི་ཆུང་ངུའང་སྡུག་བསྔལ་གྱི་རྒྱུ་རུ་ཤེས་ནས་སྤོང་བར་བྱེད་ལ།
སྐྱེ་བོ་དམན་པ་རྣམས་ཀྱིས་དེ་ལས་ལྡོག་སྟེ་ཆེན་པོའང་དེ་ལྟར་སྤོང་བར་མི་བྱེད་དེ། དཔེར་ན་ཞོ་ལ་རྡུལ་ཕྲན་ཆུང་ངུ་འབྱར་བའང་སེལ་བར་བྱེད་ལ།
ཆང་ལ་རྡུལ་ཕྲན་མི་སེལ་བ་མ་ཟད་ཐལ་རྡུལ་གྱི་གོང་བུ་ཕབ་ཀྱང་ལྷག་པར་དུ་འདེབས་པ་བཞིན་ནོ།
།
བསྟན་དོན། འདིས་མཆོག་དམན་གྱི་བྱ་བའི་ཁྱད་པར་བསྟན་ནས་མཆོག་གི་རྗེས་སུ་འཇུག་དགོས་པར་བསྟན་ཏོ།
།
སྐྱེ་བོ་དམ་པ་རྒུད་གྱུར་ཀྱང་། །སྤྱོད་པའི་ཁྱད་པར་ལྷག་པར་མཛེས། །
མེ་ནི་ཐུར་དུ་ཁ་བསྟན་ཡང་། །མེ་ལྕེ་གྱེན་དུ་འབར་བ་མཐོང་། །
མཆན། ཀྱང་འབྲི་དགོས་སོ་སྙམ་ཡང་གཞུང་ཆེན་པོ་རྣམས་སུ་རྒྱལ་ཚབ་རྗེས་བསྟན་ཅིང་དང་།
མཁས་གྲུབ་རྗེས་བསྟན་ཞིང་འབྲི་གནང་མཛད་པ་བཞིན་འདི་ལ་ཡང་སྔར་ནས་འབྲི་ཚུལ་གཉིས་ཡོད་པར་མངོན།
དཔེ་དང་དཔེ་ཅན།
མེ་ལྕེ་གྱེན་དུ་འབར་བ་ལས་ཐུར་དུ་ནམ་ཡང་མི་འགྲོ་བ་དཔེ་དང་། སྐྱེ་བོ་དམ་པའི་ཡ་རབས་ཕུལ་བྱུང་གི་སྤྱོད་པ་བཟང་པོ་ནམ་ཡང་མི་དོར་བ་ནི་དཔེ་ཅན་ནོ།
།
ཚིག་འགྲེལ།
སྐྱེ་བོ་དམ་པ་རྣམས་རེ་ཞིག་རྐྱེན་དབང་གིས་རྒུད་པ་ལྟར་གྱུར་ཀྱང་ལུས་ངག་གི་སྤྱོད་པའི་ཁྱད་པར་ནི་ལྷག་པར་དུ་མཛེས་པ་ཡིན་ཏེ།
དཔེར་ན་མེ་ནི་ཆེད་དུ་ཐུར་དུ་ཁ་བསྟན་ན་ཡང་མེ་ཡི་རང་བཞིན་མེ་ལྕེ་གྱེན་དུ་འབར་བ་མངོན་སུམ་དུ་མཐོང་བ་བཞིན་ནོ།
།
བསྟན་དོན།
འདིས་བཟང་པོའི་སྤྱོད་ཚུལ་ཉམས་པར་མེད་པ་དེ་དམ་པའི་རང་རྟགས་སམ་རང་བཞིན་ཡིན་པར་བསྟན་ཏོ།
།
སློབ་ཐུན་གཉིས་ཀྱི་འཆར་འགོད་ཟིན་བྲིས།
དམ་པ་རྒྱང་ན་གནས་ན་ཡང་། །འཁོར་འདབ་ཕན་པས་རིང་ནས་སྐྱོང་། །
མཁའ་ལ་སྤྲིན་ཆེན་འཁྲིགས་པ་ཡི། །ས་ཡི་ལོ་ཏོག་ཁྱད་པར་འཕེལ། །
མཆན། འཁོར་འདབ་ནི། ཉེ་འབྲེལ་ལྟོས་བཅས་ལའོ།།
འཁོར་འདབས་འབྲི་བའང་ཡོད།
དཔེ་དང་དཔེ་ཅན།
ནམ་མཁའི་སྤྲིན་ཆེན་དེ་ཉིད་སྐྱེ་བོ་དམ་པའི་དཔེ་རུ་བཀོད་པ་ཡིན་ནོ།
།
ཚིག་འགྲེལ།
སྐྱེ་བོ་དམ་པ་རྣམས་ཀྱིས་ཐག་རིང་ཐུང་ལ་མི་ལྟ་བར་ས་ཐག་རྒྱང་རིང་པོར་གནས་ན་ཡང་།
འཁོར་འདབ་སྟེ་སློབ་ཚོགས་རྣམས་ལ་བླང་དོར་གྱི་བསླབ་བྱ་བསྲིང་བའི་སྒོ་ནས་སྐྱོང་བར་བྱེད་དེ།
དཔེར་ན་ཤིན་ཏུ་མཐོ་བའི་ནམ་མཁའ་ལ་སྤྲིན་ཆེན་པོ་འཁྲིགས་ཏེ་ཆར་བབ་པ་དེ་ཡིས་ཤིན་ཏུ་དམའ་བའི་ས་ཡི་སྟེང་གི་ལོ་ཏོག་རྣམས་ཁྱད་པར་དུ་འཕེལ་བ་བཞིན་ནོ།
།
བསྟན་དོན།
དམ་པའི་མཛད་སྤྱོད་རྣམས་ས་ཐག་རྒྱང་རིང་ཐུང་ལ་ལྟོས་མི་དགོས་པར་བསྟན་ཏོ།
།
གསོན་ཚེ་སྙན་གྲགས་དགའ་བའི་རྒྱུ། །འཇིག་རྟེན་གཞན་དུ་བསོད་ནམས་དགའ།
།
དེ་གཉིས་མེད་པའི་ནོར་ཙམ་གྱིས། །མཁས་རྣམས་དགའ་བ་བསྐྱེད་མི་ནུས།
།
མཆན། གསོན་ཚེ་ནི། ཚེ་འདི་ལའོ།།འཇིག་རྟེན་གཞན་ནི།
སྐྱེ་བ་ཕྱི་མ་ལའོ།།
དཔེ་དང་དཔེ་ཅན།
མེད།
ཚིག་འགྲེལ།
གསོན་པའི་ཚེ་འདིར་མཁྱེན་ཡོན་དང་ལྡན་པའི་སྙན་པ་གྲགས་པ་ནི་འཁོར་དང་ཟང་ཟིང་འགྲུབ་པའི་ཆ་རྐྱེན་གཙོ་བོ་ཡིན་པས་དགའ་བའི་རྒྱུ་དང་།
འཇིག་རྟེན་གཞན་ཏེ་ཚེ་ཕྱི་མ་དགའ་བ་སྟེར་ནུས་པའི་རྒྱུ་ནི་རྣམ་དཀར་དགེ་བའི་ཚོགས་བསགས་པའི་བསོད་ནམས་དེ་ཡིན་ནོ།
།དེ་གཉིས་ཀ་མེད་པའམ་དེ་དང་བྲལ་བའི་འཇིག་རྟེན་པའི་ངོར་གྲགས་པའི་་ནོར་ཇི་ཙམ་མང་བ་ཡོད་ཀྱང་སྙིང་པོ་མེད་པར་མཐོང་ནས་རྒྱུ་འབྲས་ཤེས་པའི་མཁས་པ་རྣམས་དགའ་བ་བསྐྱེད་མི་ནུས་སོ།
།
བསྟན་དོན།
འདི་ཕྱིར་དགའ་བའི་རྒྱུ་གཉིས་ལས་ནོར་ཕལ་བ་ཙམ་ལ་མཁས་པས་འདོད་འདུན་མི་སྐྱེ་བའི་ཁྱད་པར་བསྟན་ཏོ།
།
སློབ་ཐུན་གཉིས་ཀྱི་འཆར་འགོད་ཟིན་བྲིས།
བརྩོན་འགྲུས་ཆེ་ཞིང་བརྟན་ལ་གྲིམས། །བྲན་གཡོག་ཡིན་ཡང་དཔོན་དུ་གྱུར། །
མཆན། ཕྱི་རྗེས་རིང་དུ་ལྟ་བ་ནི། འབྱུང་འགྱུར་གྱི་དོན་སྔོན་ཚུད་ནས་ཤེས་པའམ་འཕྲལ་གྱི་ཁེ་གྱོང་ལ་ཡིད་རྟེན་མི་བྱ་བར་མིག་རྒྱང་རིང་དུ་ལྟ་བ།
བྲན་གཡོག་ནི། གཡོག་ཕོ་མོ་ལའོ།།
དཔེ་དང་དཔེ་ཅན། མེད།
ཚིག་འགྲེལ།
ཕྱི་རྗེས་རིང་དུ་ལྟ་བ་སྟེ་རྗེས་ཡོང་སྔོན་དྲན་ཤེས་པ་དང། ངན་པ་ལང་ཤོར་གྱི་གཞན་དབང་དུ་མ་སོང་བ་བག་ཡོད་པ་ལ། དཀའ་སྡུག་སོགས་བཟོད་ཐུབ་པའི་བཟོད་སྲན་ཆེ་བ་དང་། ལེ་ལོ་དང་རྣམ་གཡེང་ལ་རྒྱབ་ཀྱིས་ཕྱོགས་ཏེ་བརྩོན་འགྲུས་ཆེ་ཞིང་བརྟན་ལ་བློ་གྲིམས་པ་སྟེ། ཡོན་ཏན་དེ་དག་དང་ལྡན་ན་ཐ་མའི་བྲན་གཡོག་ཡིན་ཡང་དཔོན་དུ་གྱུར་བ་ལ་དཀའ་བ་མེད་དོ། །
བསྟན་དོན།
ཡོན་ཏན་གྱི་ཁྱད་པར་གསུམཔོ་འདི་དག་དང་ལྡན་ན་དཔོན་དུ་གྱུར་བ་ལ་དཀའ་ཚེགས་མེད་པས་དེ་ལ་ནན་ཏན་བྱ་དགོས་པར་བསྟན་ཏོ། །
སྦྱིན་ལ་རྟག་ཏུ་སེམས་སྤྲོ་བ། །དེ་ཡི་གྲགས་པ་རླུང་བཞིན་ལྡང་། །
ཕོངས་པ་སློང་བ་འདུ་བ་བཞིན། །འབུལ་བ་འདོད་པ་དེ་བས་མང་། །
མཆན། ལྡང་ནི། ལང་བ་སྟེ་དཔེར་ན་རི་རྩེ་ནས་སྤྲིན་པ་ལྡང་བ། ཁང་ཐོག་ནས་དུ་བ་ལྡང་བ་ཟེར་བ་ལྟ་བུའོ།།
ཕོངས་པ་ནི། རྒྱ་ནོར་མེད་པའམ་དབུལ་པོ།
དཔེ་དང་དཔེ་ཅན། མེད།
ཚིག་འགྲེལ།
སེར་སྣ་མེད་པ་དབུལ་ཕོངས་ཀྱི་ཚོགས་ལ་ཟས་ནོར་ཕངས་མེད་དུ་སྦྱིན་པ་ལ་དུས་རྟག་ཏུ་སེམས་སྤྲོ་བའི་སྦྱིན་བདག་དེའི་སྙན་པའི་གྲགས་པ་རླུང་བཞིན་ཕྱོགས་ཀུན་ཏུ་ལྡང་བ་དང་། རྐྱེན་དེས་ནོར་གྱིས་ཕོངས་པའི་སློང་མོ་བ་རྣམས་གཏོང་བ་པོའི་ཕྱོགས་སུ་འདུ་བ་བཞིན་གཏོང་ཕོད་ཡངས་པའི་དམ་པ་ལ་དད་ལྡན་བསྙེན་བཀུར་སྦྱོར་བ་པོའམ་འབུལ་བ་འདོད་པ་དེ་བས་མང་བ་ངང་གིས་འདུ་བ་བཞིན་ནོ། །
བསྟན་དོན།
མཆོད་སྦྱིན་གྱི་ཕན་ཡོན་བཤད་པའི་སྒོ་ནས་ནོར་ལ་སེར་སྣ་སྤོང་དགོས་པར་བསྟན་ཏོ།།
སློབ་ཐུན་གཉིས་ཀྱི་འཆར་འགོད་ཟིན་བྲིས།
བྱིན་ནས་སླར་ཡང་མི་ལེན་ལ། །དམན་པས་བརྙས་པ་དང་དུ་ལེན། །
ཕན་པ་ཆུང་ངུའང་མི་བརྗེད་པ། །བདག་ཉིད་ཆེན་པོའི་ཆེ་རྟགས་ཡིན། །
མཆན། དང་དུ་ལེན་ནི། རང་མོས་ཀྱིས་ཁས་ལེན་པ།
དཔེར་ན་སྡུག་བསྔལ་དང་དུ་ལེན་པ་ཟེར་བ་ལྟ་བུ། བདག་ཉིད་ཆེན་པོ་ནི། སྐྱེ་བོ་དམ་པ་ལའོ། །
དཔེ་དང་དཔེ་ཅན། མེད།
ཚིག་འགྲེལ།
གཞན་ལ་ཟས་ནོར་སོགས་སྦྱིན་ཟིན་ནས་སླར་སྐྱིན་ཚབ་སོགས་ཚུར་མི་ལེན་ལ། སྐྱེ་བོ་དམན་པས་རང་ལ་བརྙས་ཤིང་གཙེས་པ་བྱུང་ན་ཡང་དང་དུ་ལེན་པ་སྟེ་ངན་ལེན་མི་འཇལ་བ་དང་། གཞན་གྱིས་རང་ལ་ཕན་པ་ཆེན་པོ་ལྟ་ཅི་ཆུང་ངུའང་མི་བརྗེད་པ་འདི་དག་ནི་བདག་ཉིད་ཆེན་པོའི་ཆེ་རྟགས་སམ་སྐྱེ་བོ་དམ་པའི་ཐུན་མིན་གྱི་ཁྱད་ཆོས་ཡིན་ནོ། །
བསྟན་དོན། མ་རབས་ཀྱི་སྤྱོད་པ་ལ་བློ་ཁོག་ཡངས་པོས་དང་དུ་ལེན་པ་ནི་དམ་པའི་རང་བཞིན་ཡིན་པས་དེའི་རྗེས་སུ་སློབ་དགོས་པར་བསྟན་ཏོ།
།
དམ་པའི་ཡོན་ཏན་སྦས་གྱུར་ཀྱང་། །འཇིག་རྟེན་ཀུན་ལ་ཁྱབ་པར་གསལ།
།
སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་། །དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར།
།
མཆན། སྣ་མའི་མེ་ཏོག་ནི། ཛཱ་ཏིའི་མེ་ཏོག་ལ་ཟེར།
སྣ་མ་ནི་ཛཱ་ཏིའི་མིང་གཞན་ནོ། །
དཔེ་དང་དཔེ་ཅན། དམ་པའི་ཡོན་ཏན་གྱི་དཔེར་སྣ་མའི་མེ་ཏོག་གི་དྲི་ཞིམ་བཀོད་པའོ།
།
ཚིག་འགྲེལ།
དེ་ཡང་འཇིག་རྟེན་གྱི་དཔེར། གསེར་ས་འོག་ཡོད་ན་འོད་ནམ་མཁར་འཚེར་ཟེར་བ་ལྟར།
དམ་པའི་ཡོན་ཏན་རྣམས་གསང་སྟེ་སྦས་པར་གྱུར་ཀྱང་། དེའི་སྙན་གྲགས་འཇིག་རྟེན་ཀུན་ལ་ཁྱབ་པའམ་གསལ་བར་འགྱུར་ཏེ།
དཔེར་ན་སྣ་མའི་མེ་ཏོག་སྟེ་ཛཱ་ཏིའི་མེ་ཏོག་ས་ཡིས་ལེགས་པར་བཀབ་པར་བྱས་ཀྱང་དེའི་དྲི་ཞིམ་ནི་ཕྱོགས་ཀུན་ཏུ་ཁྱབ་པར་འགྱུར་བ་བཞིན་ནོ།
།
བསྟན་དོན། ཡ་རབས་བཟང་པོའི་སྤྱོད་པའམ་དམ་པའི་ཡོན་ཏན་རྣམས་རང་བཞིན་གྱིས་གྲགས་པསཆེད་དུ་མཁས་ཉམས་སྤང་བ་ལ་བསླབ་དགོས་པར་བསྟན་ཏོ། །
སློབ་ཐུན་གཉིས་ཀྱི་འཆར་འགོད་ཟིན་བྲིས།
རྒྱལ་པོ་རང་ཡུལ་ཆེ་བ་ཙམ། །དམ་པ་གང་དུ་ཕྱིན་སར་བཀུར། །
མེ་ཏོག་ཕལ་ཆེར་ཉིན་རེའི་རྒྱན། །གཙུག་གི་ནོར་བུ་གང་དུའང་མཆོད།
།
མཆན། གཙུག་གི་ནོར་བུ་ནི་མགོ་ཡི་རྒྱན་ཏེ། ཀླུ་རྣམས་ཀྱི་ཐུན་མིན་གྱི་རྒྱན་ཞིག་གོ།
དཔེ་དང་དཔེ་ཅན། མེ་ཏོག་ནི་རྒྱལ་པོའི་དཔེར་བཀོད་པ་དང་སྤྱི་གཙུག་གི་ནོར་བུ་སྐྱེ་བོ་དམ་པའི་དཔེར་བཀོད་པའོ།
།
ཚིག་འགྲེལ།
རྒྱལ་པོ་དབུ་འཕང་ཇི་ལྟར་མཐོ་ཡང་རང་ཉིད་ཀྱིས་དབང་བསྒྱུར་བའི་རང་ཡུལ་ཁོ་ན་ཆེ་བ་ཙམ་ཡིན་ལ།
དེ་ལས་ལྡོག་སྟེ་སྐྱེ་བོ་དམ་པ་རྣམས་ས་ཕྱོགས་གང་དུ་ཕྱིན་པའི་སར་ཀུན་གྱིས་བཀུར་བར་བྱེད་དེ།
དཔེར་ན་མེ་ཏོག་ཕལ་ཆེར་ཡུན་ཐུང་ཉིན་རེ་གཉིས་ཙམ་གྱི་རྒྱན་དང་། གཙུག་གི་ནོར་བུ་དེ་ལས་ལྡོག་སྟེ་ཡུལ་ཕྱོགས་གང་དུའང་མཆོད་པའི་གནས་སུ་གྱུར་བ་བཞིན་ནོ།
།
བསྟན་དོན། འདིས་ཡུལ་དུས་ལ་མ་ལྟོས་པར་ཉམས་པ་མེད་པའི་དམ་པའི་ཡོན་ཏན་ལ་འབད་དགོས་པར་བསྟན་ཏོ།
།
ལྗོན་ཤིང་དུལ་བ་འབྲས་བུ་མང་། །རྨ་བྱ་དུལ་བ་མཇུག་སྒྲོ་བཟང་། །
རྟ་མཆོག་དུལ་བ་འགྲོ་མགྱོགས་ཏེ། །དམ་པ་དུལ་བ་མཁས་པའི་རྟགས། །
མཆན། དུལ་བ་ནི། རྒོད་པའི་ལྡོག་ཟླ་སྟེ་ཞི་ཞིང་དུལ་བ་ཟེར་བ་ལྟ་བུ།
དཔེ་དང་དཔེ་ཅན། སྐྱེ་བོ་དམ་པའི་དཔེར་ལྗོན་ཤིང་དང་རྨ་བྱ་རྟ་མཆོག་གསུམ་པོ་བཀོད་པའོ།
།
ཚིག་འགྲེལ།
དེ་ཡང་ལྗོན་ཤིང་ཆུ་ལུད་སོགས་ཀྱིས་དུལ་བའི་རྟགས་སུ་སྟོན་དུས་འབྲས་བུ་མང་པོ་བྱུང་བ་དང་།
རྨ་བྱ་དུལ་བ་སྟེ་གོམ་སྟབས་དལ་བུར་འཇུག་པ་ནི་མཇུག་སྒྲོ་བཟང་བའི་རྟགས་ཡིན་ཞིང་། རྟ་མཆོག་རྟ་མཁན་གྱིས་བཅོས་ནས་དུལ་བར་འགྱུར་ན་དེའི་རྟགས་སུ་འགྲོ་མགྱོགས་པ་དེ་བཞིན་དུ་སྐྱེ་བོ་དམ་པའི་ངང་རྒྱུད་ཞི་ཞིང་དུལ་བ་དེ་ཡང་མཁས་པའི་རྟགས་སུ་ཤེས་པ་བཞིན་ཏེ་འཇིག་རྟེན་གྱི་གཏམ་དཔེར།
མཁས་རྟགས་ཞི་ཞིང་དུལ་བ། བསྒོམས་རྟགས་ཉོན་མོང་མེད་པ་ཟེར་བ་བཞིན་ནོ། །
བསྟན་དོན། འདིས་ཁ་ཙམ་གྱི་མཁས་པའི་རྗེས་སུ་མི་འབྲང་བར་དཔེ་ཡི་སྒོ་ནས་རྟགས་དང་ལྡན་པར་ཤེས་པར་བྱས་ནས་དེའི་རྗེས་སུ་འཇུག་དགོས་པར་བསྟན་ཏོ།
།
སློབ་ཐུན་གཉིས་ཀྱི་འཆར་འགོད་ཟིན་བྲིས།
དམ་པ་རྣམས་དང་ཕལ་བ་ལ། །བྱས་པ་མཉམ་ཡང་དྲིན་མི་འདྲ། །
ཞིང་ལ་ས་བོན་ཁྱད་མེད་ཀྱང་། །ལོ་ཏོག་ཁྱད་པར་དཔག་ཏུ་མེད། །
མཆན། ཕལ་བ་ནི་རང་ག་བའམ་དཀྱུས་མའི་དོན་ནོ། །
དཔེ་དང་དཔེ་ཅན། སྐྱེ་བོ་མཆོག་དམན་གཉིས་ཀྱི་དཔེར་ས་ཞིང་བཟང་ངན་གཉིས་བཀོད་པའོ།
།
ཚིག་འགྲེལ།
སྐྱེ་བོ་དམ་པ་དང་ཕལ་བ་གཉིས་ལ་ཕར་ཕན་བཏགས་པའི་བྱ་བ་བྱས་པ་མཉམ་པ་སྟེ་འདྲ་ན་ཡང་།
ཚུར་དྲིན་བྱས་པ་མི་འདྲ་སྟེ་དཔེར་ན་ཞིང་ས་བོན་ཁྱད་པར་མེད་པ་བཏབ་ན་ཡང་དེ་ལས་བྱུང་བའི་ལོ་ཏོག་ལ་ཁྱད་པར་དཔག་ཏུ་མེད་པར་འབྱུང་བ་བཞིན་ནོ།
།
བསྟན་དོན། འདིས་མཆོག་དམན་གྱི་བྱ་བ་དྲིན་འཇལ་སྟངས་མི་འདྲ་བའི་ཁྱད་པར་བསྟན་ནས་མཆོག་གི་རྗེས་སུ་འཇུག་དགོས་པར་བསྟན་ཏོ།
།
བདག་ཉིད་ཆེ་ལ་ཕན་བཏགས་ན། །ཅུང་ཟད་ཙམ་ལའང་འབྲས་བུ་འབྱིན། །
སྐྱུ་རུ་ར་གཅིག་བྱིན་པ་ལ། །ཆོས་རྒྱལ་བུ་དང་མཉམ་ལ་ལྟོས། །
མཆན། འབྱིན་ནི་ཕྱུང་བའི་དོན་ཏེ་སྐབས་འདིར་འབྲས་བུ་ཐོན་པ་ལ་གོ་དགོས། སྐྱུ་རུ་ར་ནི་ཤིང་སྨན་གྱི་རིགས་ཞིག་སྟེ།
ཟོས་ན་སྐོམ་སེལ། ཧ་ཅང་དྭངས་ལ་ཕྱི་ནང་ཐམས་ཅད་གསལ་པོ་མཐོང་བས་སྐབས་འགར་སྐྱུ་རུ་ར་ལག་མཐིལ་བཞག་པ་ནང་བཞིན་ཞེས་གསལ་པོ་མཐོང་བའི་དཔེར་འགོད་ཀྱི་ཡོད།
དཔེ་དང་དཔེ་ཅན། བདག་ཉིད་ཆེན་པོ་དཔེ་ཅན་དང་ཆོས་ཀྱི་རྒྱལ་པོ་དཔེར་བཀོད་པའོ།
།
ཚིག་འགྲེལ།
དེ་ཡང་བདག་ཉིད་ཆེན་པོ་སྟེ་སྐྱེ་བོ་དམ་པ་རྣམས་ལ་ཕན་ཆེན་པོ་བཏགས་ན་ལྟ་ཅི།
ཕན་ཅུང་ཟད་ཅིག་བཏགས་ན་ཡང་འབྲས་བུ་ཆེན་པོ་འབྱིན་པར་བྱེད་དེ་དཔེར་ན་སྔོན་རྒྱལ་པོ་ཞིག་ལ་སྐྱུ་རུ་ར་གཅིག་བྱིན་པ་ལས་དེའི་འབྲས་བུ་ཆོས་ཀྱི་རྒྱལ་པོ་རང་ཉིད་ཀྱི་བུ་དང་མཉམ་པ་བྱུང་བ་ལ་ལྟོས་དང་ཤེས་ནུས་སོ།
།
བསྟན་དོན། འདིས་དཀའ་ངལ་འཕྲོད་པའི་དུས་སུ་ཕན་གྲོགས་བྱེད་པ་ནི་གྲོགས་ཀྱི་མཆོག་ཡིན་པས་དེ་ལ་བརྟེན་དགོས་པར་བསྟན་ཏོ།
།
Comments
Post a Comment